藏语测试书籍
第一节
༄། །དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། (མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།)

༄༅༅། །ཨོཾསྭསྟི་པྲ་ཛེ་བྷྱཿ དཔལ་ལྡན་དཔལ་གྱིས་བརྒྱན་པ་དཔལ་གྱི་འབྱུང་གནས་དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ། སངས་རྒྱས་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ལྷ་ཡི་ལས་ལས་འོངས། །མཚན་དཔེ་དབང་པོའི་གཞུ་ཡིས་སྤྲས། །ཕྲིན་ལས་བདུད་རྩིའི་ཆར་ཟིམ་འབེབས། །ཐུབ་དབང་སྤྲིན་གྱི་དབང་པོར་འདུད། །འདི་ན་ཡིག་ཚང་ལོ་རྒྱུས་མཁས་རྣམས་ཀྱང་། །འཕགས་ཡུལ་གཏམ་གྱི་སྦྱོར་བ་ལ་ཞུགས་ན། །དབུལ་པོའི་སྐྱེ་བོ་ཚོང་ཟོང་འགྲེམས་པ་བཞིན། །རྩལ་ཤུགས་ཕྱུང་ཡང་ཕོངས་པའི་རྒྱུ་ཉིད་མཐོང་། །མཁས་པ་འགའ་ཡང་ཆོས་ཀྱི་ཁུངས་འཆད་ཚེ། །ཤིན་ཏུ་འཁྲུལ་པ་མང་དུ་མཐོང་བའི་ཕྱིར། །འཁྲུལ་པ་སེལ་བྱེད་གཏམ་གྱི་སྦྱོར་བ་ནི། །གཞན་ལ་ཕན་པའི་ཆེད་དུ་མདོ་ཙམ་བྲི། ། (ཉེར་མཁོའི་སྡོམ་ཚིག།) འདིར་ཉེ་བར་མཁོ་བའི་སྡོམ་ནི།

༄༅༅། །རྒྱལ་པོ་མཐོང་ལྡན་དགེ་བའི་བརྒྱུད། །ལག་བཟང་གཞུ་བཟང་དབང་ཆེན་དང་། །ཙ་མ་ཤཱ་སྟེ་བཞི་ཡིན་ནོ། །མྱ་ངན་མེད་ཀྱི་བརྒྱུད་པ་ལ། །མྱ་ངན་བྲལ་དང་དཔའ་བོའི་སྡེ། །དགའ་བོ་པདྨ་ཆེ་སྟེ་བཞི། །ཙནྡྲའི་རིགས་ལས་བྱུང་བ་ནི། །༡ཧ་རི་ཨཀྵ༢་ཛ་ཡ༣་དང་། །ནེ༤་མ་ཕ༥་ནི་བྷང་ས༦་དང་། །སཱ༧་ལ་རྣམས་ལ་ཙནྡྲ་སྦྱར། །དེ་ནས་ཙནྡྲ་གུཔྟ༨་དང་། །སྙིང་པོ་ཐིག༩་ལེ་དེའི་ཚ་བོ། །ཤྲཱི་ཙནྡྲ༡་ཞེས་བྱའོ། །དྷརྨ༡༡་ཀརྨ༡༢་བྲྀཀྵ༡༣་དང་། །བི་ག་མ༡༤་དང་ཀཱ་མ༡༥་དྲང་། །པིངྒ༡༦་བཱ་ལ་༡༧བི་མ༡༨་ལ། །གོ་བི༡༩་ལ་ལི་ཏ༢་རྣམས་ལའང་། །ཙནྡྲ་ཐ་མར་སྦྱར་བར་བྱ། །སྙིང་པོ་ཐིག་ལེ་མི་བགྲང་ན། །ཙནྡྲའི་མིང་ཅན་བཅུ་དགུ་སྟེ། །དེ་ལས་དབང་པོ་(ཨཀྵ་)ཟླ་བ༡་དང་། །རྒྱལ་བའི་(ཛ་ཡ)ཟླ་བ༢་ཞེས་བྱ་དང་། །ཆོས་ཀྱི་(དྷརྨ)ཟླ་བ༣་ལས་(ཀརྨ)ཟླ༤་བ། །འདུ་བྲལ༥་(བི་ག་མ)འདོད་པའི་(ཀཱ་མ)ཟླ་བ༦་དང་། །དྲི་མེད་(བི་མ་ལ)ཟླ༧་བ་ཞེས་བྱ་བ། །ཙནྡྲ་བདུན་དུ་གྲགས་པ་ཡིན། །དེ་སྟེང་ཟླ་བ་(ཙནྡྲ་གུཔྟ)སྦས་པ་དང་། །ཕྱོགས(གོ་བི)གྲོལ་རོལ་པའི་(ལ་ལི་ཏ)ཟླ་བ་སྟེ། །ཙནྡྲ་བཅུ་ཞེས་རབ་ཏུ་གྲགས། །པཱ་ལའི་རིགས་ལས་བྱུང་བ་ནི། །

གཽ་པཱ་ལ་དང་དེ་ཝ་དང་། །རཱ་ས་དྷརྨ་བ་ན་དང་། །མ་ཧི་མ་ཧཱ་སྲཻཥྛ་དང་། །བྷེ་ཡནེ་ཡ་ཨ་མྲ་དང་། །ཧསྟི་རཱ་མ་ཡཀྵ་སྟེ། །ཀུན་ལ་པཱ་ལ་ཐ་མར་སྦྱར། །པཱ་ལའི་རིགས་ལ་བཅུ་བཞིའོ། །རྒྱལ་པོ་མེས་བྱིན་ཀ་ནིཥྐ། ལཀྵ་ཨ་ཤྭ་ཙནྡན་སྐྱོང་། །ཤྲཱི་ཧཪྴ་ངང་ཚུལ་དང་། །བདེ་སྤྱོད་གོ་ཌ་འཕེལ་བྱེད་དང་། །ཀ་ནི་ཀ་དང་ཏུ་རུཥྐ། །སོག་པོ་མང་པོས་བཀུར་བ་དང་། །སངས་རྒྱས་ཕྱོགས་དང་ཟབ་མོའི་ཕྱོགས། །
